ཐུགས་རྗེ་རོལ་རྩལ་ཅིར་ཡང་འཕྲོ་བ་གསུམ།
སྐུ་གསུམ་ཡིན་པར་སྟོན་པའི་བླ་མ་ལ།
བདག་གིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།
རྒྱུ་རྐྱེན་ངོ་བོ་རང་བཞིན་སྟོང་པ་དང།
རང་སེམས་རང་ལ་སྟོན་པའི་བླ་མ་ལ།
བདག་གིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།
མིག་ལ་གཟུགས་ནི་མཛེས་དང་མི་མཛེས་རྣམས།
ཐམས་ཅད་ངོ་བོ་རང་བཞིན་སྟོང་པར་སྐྱོང།
སྡུག་མི་སྡུག་ལ་ཆགས་སྡང་མེད་པ་ནི།
རང་ཤར་རང་གྲོལ་ཟེར་ཡང་འདི་ཡིན་ནོ།
རྣ་ལ་སྒྲ་ནི་སྙན་དང་མི་སྙན་རྣམས།
ཐམས་ཅད་ངོ་བོ་རང་བཞིན་སྟོང་པར་སྐྱོང།
སྙན་མི་སྙན་ལ་ཆགས་སྡང་མེད་པ་ནི།
རང་ཤར་རང་གྲོལ་ཟེར་ཡང་འདི་ཡིན་ནོ།
སྣ་ལ་དྲི་ནི་ཞིམ་དང་མི་ཞིམ་རྣམས།
ཐམས་ཅད་ངོ་བོ་རང་བཞིན་སྟོང་པར་སྐྱོང།
ཞིམ་མི་ཞིམ་ལ་ཆགས་སྡང་མེད་པ་ནི།
རང་ཤར་རང་གྲོལ་ཟེར་ཡང་འདི་ཡིན་ནོ།
ལྕེ་ལ་རོ་ནི་མངར་དང་མི་མངར་དང།
ཐམས་ཅད་ངོ་བོ་རང་བཞིན་སྟོང་པར་སྐྱོང།
མངར་མི་མངར་ལ་ཆགས་སྡང་མེད་པ་ནི།
རང་ཤར་རང་གྲོལ་ཟེར་ཡང་འདི་ཡིན་ནོ།
ལུས་ལ་རེག་བྱ་འཇམ་དང་མི་འཇམ་དང།
ཐམས་ཅད་ངོ་བོ་རང་བཞིན་སྟོང་པར་སྐྱོང།
འཇམ་མི་འཇམ་ལ་ཆགས་སྡང་མེད་པ་ནི།
རང་ཤར་རང་གྲོལ་ཟེར་ཡང་འདི་ཡིན་ནོ།
ཡིད་དུ་ཆོས་ནི་བཟང་ངན་ཅི་འཆར་ཡང།
ཐམས་ཅད་ངོ་བོ་རང་བཞིན་སྟོང་པར་སྐྱོང།
བཟང་དང་ངན་ལ་ཆགས་སྡང་མེད་པ་ནི།
རང་ཤར་རང་གྲོལ་ཟེར་ཡང་འདི་ཡིན་ནོ།
ལུས་ནི་གཡོ་མེད་རི་བོ་ལྟ་བུ་དང།
མིག་ནི་འགུལ་མེད་རྒྱ་མཚོ་ལྟ་བུ་ལ།
སེམས་ནི་མ་ཡེངས་རིག་པའི་ཅོག་བཞག་སྟེ།
ཅོག་བཞག་གསུམ་ནི་འདི་ལ་རྩི་བ་ཡིན།
གཞི་གནས་ལྷག་མཐོང་ཀ་དང་ཁྲེག་ཆོད་དང།
སེམས་དང་རིག་པ་འཁོར་འདས་གཉིས་ཀྱིས་དོན།
ཤེས་ན་ལམ་ནི་སངས་རྒྱས་འབྲས་བུ་བདེ།
མ་ཤེསནི་ལམ་ནི་འཁོར་བ་འབྲས་བུ་སྡུག།
གཞི་ནི་སྟོང་པ་སངས་རྒྱས་ལ་ཡང་ཡོད།
དེ་ནི་སེམས་ཅན་ལ་ཡང་མེད་མ་ཡིན།
རིག་ན་སངས་རྒྱས་མ་རིག་སེམས་ཅན་ཟེར།
འཁོར་འདས་གཉིས་ལག་ཕྱི་ནང་ཙམ་ལས་མེད།
- མཁོ་མོཔ་ཀུན་བཟང་རྡོེ་གིས་སྙིང་རྩོམ་གང་ཤར་མ་རྫོགས་སོ།